Degé Kangyur volume 1, F.92.a

པར་བྱ་ཞིང་འབྱུང་བར་བྱ། །​སངས་རྒྱས་བསྟན་ལ་འཇུག་པར་བྱ། །​འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །​འཆི་བདག་སྡེ་ནི་གཞོམ་པར་བྱ། །​གང་ཞིག་རབ་ཏུ་བག་ཡོད་པར། །​ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །​སྐྱེ་བའི་འཁོར་བ་རབ་སྤངས་ནས། །​སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །​ཞེས་བྱ་བ་ཡང་སྨྲས་སོ། །​དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འདོང་སྟེ། དེ་ལ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །​མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལོང་བུར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །​དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དུ་ནུབ་བོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་ཞུས་པ། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29222#UT22084-001-001-29222