Degé Kangyur volume 1, F.74.b

གཞན་ལས་ཚིག་གི་ལམ་ངན་པ་སྨྲས་པ་དང་། ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་བཟོད་ཅིང་ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་བཟོད་ཅིང་དང་དུ་ལེན་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །​བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ལས་གྱུར་པ་ཡིན་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་མི་བྱའོ། །​འགའ་ཞིག་གི་གན་དུ་བསྙེན་པར་རྫོགས་པར་འདོད་པ་འོངས་ན་དེས་དེ་ལ་ལོ་ཉི་ཤུ་ལོན་ནམ་ཞེས་དྲི་བར་བྱའོ། །​མ་དྲིས་པར་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།​། །​།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །​རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་བུ་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །​དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་དེ་ཉེ་དུ་ཟད་པར་གྱུར་ཅིང་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས་དེས་བསམས་པ། བདག་གིས་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་པར་མི་ནུས་ཀྱིས་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེས་བུ་དེ་ལ་སྨྲས་པ། བུ་ཁོ་བོ་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་པར་མི་ནུས་ཀྱིས། ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །​དེས་སྨྲས་པ། ཡབ་གལ་ཏེ་ཁྱོད་རབ་ཏུ་འབྱུང་ན་བདག་ཀྱང་རབ་ཏུ་འབྱུང་ངོ་། །​བུ་དེ་བཞིན་གྱིས་ཤིག་ཅེས་དེས་དེ་ཁྲིད་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་གན་དུ་སོང་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །​དེས་སྨྲས་པ། ཁྱོད་ཀྱི་ཁྱེའུ་འདི་སུ་ཡིན། བུ་ལགས་སོ། །​འདི་ཡང་རབ་ཏུ་འབྱུང་ངམ། འཕགས་པ་རབ་ཏུ་འབྱུང་ངོ་། །​དེས་དེ་ལ་ཆགས་པས་གཉི་ག་ཡང་རབ་ཏུ་ཕྱུང་ནས་དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29187#UT22084-001-001-29187