Degé Kangyur volume 1, F.73.b

ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་པར་བྱ་ཞིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པར་བྱའོ། །​ཉེ་བ་འཁོར་གལ་ཏེ་གཞན་མུ་སྟེགས་ཅན་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་ཅིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པ་ན་ནང་བར་བྱེད། འཁྲུག་པར་བྱེད། ཁྲོ་བར་བྱེད་ཅིང་ཡུལ་ཡུལ་པོར་འདུག་པར་བྱེད། ཁྲོ་བ་སྐྱེད་པར་བྱེད་ན་གཞན་མུ་སྟེགས་ཅན་སེམས་མགུ་བར་མ་གྱུར་པ་ཞེས་བརྗོད་པར་བྱའོ། །​ཉེ་བ་འཁོར་གལ་ཏེ་གཞན་མུ་སྟེགས་ཅན་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་ཅིང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པ་ན་ནང་བར་མི་བྱེད། འཁྲུག་པར་མི་བྱེད། ཁྲོ་བར་མི་བྱེད་ཅིང་ཡུལ་ཡུལ་པོར་འདུག་པར་མི་བྱེད། ཁྲོ་བ་སྐྱེད་པར་མི་བྱེད་ན། ཉེ་བ་འཁོར་དེ་ཙམ་གྱིས་ན་གཞན་མུ་སྟེགས་ཅན་སེམས་མགུ་བ་ཞེས་བརྗོད་པར་བྱའོ། །​དགེ་སློང་དག་མེ་བ་རལ་པ་ཅན་དག་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མེ་བ་རལ་པ་ཅན་དག་ནི་ལས་སྨྲ་བ་དང་། མེ་བ་རལ་པ་ཅན་དག་ནི་བྱ་བ་སྨྲ་བ་དང་། རྒྱུ་སྨྲ་བ་དང་། བརྩོན་འགྲུས་སྨྲ་བ་ཡིན་པའི་ཕྱིར་རོ། །​དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ལས་སྨྲ་བར་འགྱུར་བ་དང་། བྱ་བ་སྨྲ་བ་དང་། རྒྱུ་སྨྲ་བ་དང་། བརྩོན་འགྲུས་སྨྲ་བར་འགྱུར་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།​། །​།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན་དེ་དག་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་ནས་ངུའོ། །​བཅོམ་ལྡན་འདས་ཀྱིས་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་ཀུན་དགའ་ར་བའི་ནང་ན་བྱིས་པ་ཁྱེའུ་རབ་ཏུ་མང་པོ་དག་ངུ་བའི་སྒྲ་གསན་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29185#UT22084-001-001-29185