།མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་སོ། །སྟག་གིས་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་དཀྲོལ་བར་བྱའོ། །ཆུ་སྲིན་གྱིས་འཇིགས་པ་ལ་མདའ་དང་ཕ་གུ་ལ་སྔགས་ན་སྦྲུལ་དང་། བྱི་བ་དང་། སྡིག་པ་ལ་སོགས་པ་རྣམས་ཀྱང་ཁ་བཅིངས་པར་འགྱུར་རོ། །གཡུལ་ངོར་ཐལ་བ་ལ་སྔགས་ཏེ། སྤྱི་བོ་དང་མགུལ་དུ་བྱུགས་ན་མཚོན་ཆ་ཟློག་པར་བྱེད་དོ། །སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ་། །བུམ་པ་ལ་བརྒྱ་རྩ་བརྒྱད་དུ་སྔགས་པས་ཁྲུས་བྱའོ། །ལག་པས་སྐུ་དཔལ་བཟླས་ནས་བཅིང་ངོ་། །དེ་ནས་བདེ་བར་འགྱུར་རོ། །ཡུལ་བསྐོར་ཏེ་དྲིལ་བུ་དང་། རྔ་དང་། དུང་ལ་བཟླས་པ་བྱས་ན་བགེགས་ཐམས་ཅད་འབྱེར་ཏེ་གནོད་པའང་ཞི་བར་འགྱུར་རོ། །སྐྱེས་བུ་དཔའ་བོའི་དཔྲལ་བར་རིག་པའི་མདོངས་གཞག་ལ་མཚོན་ཆ་བསྐུར་ན་དགྲ་འམ་གཡུལ་ཞི་བར་འགྱུར་རོ། །འཕགས་པ་པརྞྞ་ཤ་བ་རིའི་མདོ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་པརྞྞ་ཤ་བ་རི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་རི་ཁྲོད་ལོ་མ་གྱོན་པའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །མིའུ་ཐུང་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཤ་ཟ་བ། མིའུ་ཐུང་མ་ཤ་ཟ་མ། རི་ཁྲོད་ལོ་མ་གྱོན་མ་ཤ་ཟ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་ན་ཞགས་པ་དང་དགྲ་སྟ་ཐོགས་མ། འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་དང་། ཡམས་ཀྱི་ནད་གང་དག་ཅི་ཡང་རུང་བ་དང་། འཆི་བྱེད་གང་དག་ཅི་ཡང་རུང་བ་དང་།