Degé Kangyur volume 46, F.240.b

རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས། སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ། །​རྣམ་འདྲེན་འཇིག་རྟེན་མཁྱེན་ལ་ཡ་མཚན་མི་མངའ་བས། །​སྟོན་པ་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །​འདི་ལྟར་ཁྱོད་ནི་འཛུམ་པར་མཛད་པར་གྱུར་པ་ཡི། །​ཁྱོད་ཀྱི་འཛུམ་པའི་རྒྱུ་ནི་བདག་ཅག་ཤིན་ཏུ་འཚལ། །​རྒྱལ་བའི་ཞལ་འཛུམ་མཛད་པར་གྱུར་པ་མཐོང་ནས་ནི། །​ལྷར་བཅས་འགྲོ་བ་འདི་དག་ཐེ་ཙོམ་སྐྱེས་པར་གྱུར། །​ཐེ་ཙོམ་གྱུར་པ་རྣམས་ཀྱི་སོམ་ཉི་བསལ་སླད་དུ། །​མི་དབང་འཛུམ་པ་མཛད་པའི་རྒྱུ་ནི་བསྟན་དུ་གསོལ། །​གང་གིས་དེ་རིང་ཆོས་རྣམས་ལ་ནི་ཡིད་བཞག་གམ། །​ཆོས་ཉིད་དུ་ནི་རྒྱལ་བ་ལ་ལས་མཐོང་གྱུར་ཏམ། །​སངས་རྒྱས་བསྔགས་པའི་མཆོད་པ་གང་གིས་དེང་བགྱིས་སམ། །​བདག་ཅག་དེ་དག་ཉན་པར་འཚལ་ལོ་མི་ཡི་གཙོ། །​གང་གིས་དེ་རིང་བདུད་རྣམས་བཞོན་དང་བཅས་བཅོམ་མམ། །​གང་གིས་སྟོན་པའི་ཐུགས་ནི་དེ་རིང་དགྱེས་བགྱིས་སམ། །​གང་གིས་དེ་རིང་འདུས་བྱས་རྣམས་ཀྱི་གཏིང་རྟོགས་སམ། །​དེ་དག་ཉན་པར་འཚལ་གྱིས་ཐེ་ཙོམ་བསལ་དུ་གསོལ། །​འདྲེན་པ་འཛུམ་པ་མཛད་པའི་རྒྱུ་ནི་མཉན་སླད་དུ། །​འགྲོ་བ་ཐམས་ཅད་ཐལ་མོ་སྦྱར་བ་བགྱིས་ཏེ་སྡོད། །​རྐང་གཉིས་རྣམས་ཀྱི་གཙོ་བོ་ཐུགས་རྗེ་བསྐྱེད་མཛོད་ལ། །​ཐེ་ཙོམ་གྱུར་པ་རྣམས་ཀྱི་ཡིད་གཉིས་བསལ་དུ་གསོལ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྨད་འཚོང་མའི་བུ་མོ་གསེར་མཆོག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh96.html?part=UT22084-046-002-628#UT22084-046-002-628