Degé Kangyur volume 46, F.218.b
འདི་སུ་ཞིག་ཡིན། འདིའི་མིང་ཅི། རྣམ་ཐོས་ཀྱི་བུས་སྨྲས་པ། འདི་ནི་བྱང་ཆུབ་སེམས་དཔའ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱའོ། །བུ་མོས་སྨྲས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། ཅི་དེ་ལྷའམ། འོན་ཏེ་ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། རྒྱལ་པོ་ཆེན་པོའམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། རྣམ་ཐོས་ཀྱི་བུས་སྨྲས་པ། བུ་མོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་ལྷ་ཡང་མ་ཡིན། ཀླུ་ཡང་མ་ཡིན། གནོད་སྦྱིན་ཡང་མ་ཡིན། དྲི་ཟ་ཡང་མ་ཡིན། ལྷ་མ་ཡིན་ཡང་མ་ཡིན། ནམ་མཁའ་ལྡིང་ཡང་མ་ཡིན། མིའམ་ཅི་ཡང་མ་ཡིན། ལྟོ་འཕྱེ་ཆེན་པོ་ཡང་མ་ཡིན། བརྒྱ་བྱིན་ཡང་མ་ཡིན། ཚངས་པ་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་ཡང་མ་ཡིན། རྒྱལ་པོ་ཆེན་པོ་ཡང་མ་ཡིན་ཏེ། བུ་མོ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདི་ནི་བསླངས་པ་ཐམས་ཅད་སྦྱིན་པར་བྱེད་དེ། ཡོངས་སུ་མི་གཏོང་བ་ཅི་ཡང་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བུ་མོ་དེ་འདི་སྙམ་དུ་སེམས་ཏེ། དེ་སྐད་གྲག་པ་ལས་ན་འདིས་བདག་ལ་གོས་འདི་སྦྱིན་པར་འགྱུར་རོ་སྙམ་ནས། དེ་ནས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་ཤིང་རྟ་དེ་ལས་བབས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གང་ཁྱོད་ཀྱི་སྐུ་ལ་གསོལ་བའི་ན་བཟའ་འདི་བདག་ལ་སྩལ་དུ་གསོལ། དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །གལ་ཏེ་ཁྱོད་ནི་བྱང་ཆུབ་ལ་ཡང་ཞུགས་གྱུར་ན། །འཇམ་དབྱངས་ན་བཟའ་འདི་ནི་བདག་ལ་སྩལ་དུ་གསོལ། །སེར་སྣ་ཅན་གྱི་བྱང་ཆུབ་སེམས་དཔའ་མི་མཛེས་ཏེ། །དཔེར་ན་ཆབ་དང་བྲལ་ཞིང་སྐམས་པའི་ཀླུང་དང་མཚུངས། །འཇམ་དཔལ་གྱིས་སྨྲས་པ། གལ་ཏེ་བུ་མོ་ཁྱོད་ནི་བྱང་ཆུབ་ཞུགས་གྱུར་ན། །ཁོ་བོས་དེ་རིང་གོས་འདི་ཁྱོད་ལ་སྦྱིན་པར་བྱ། །གང་དག་གཡོ་བ་མེད་པར་བྱང་ཆུབ་སེམས་ལ་གནས། །དེ་དག་འདི་ན་ལྷར་བཅས་འཇིག་རྟེན་མཆོད་འོས་ཡིན།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh96.html?part=UT22084-046-002-584#UT22084-046-002-584