Degé Kangyur volume 46, F.221.a

ཕུང་པོ་རྣམས་ལ་གཞི་མེད་དེ། གཞི་མེད་པའི་དོན་ནི་བྱང་ཆུབ་བོ། །​ཕུང་པོ་རྣམས་ལ་འོང་བ་དང་འགྲོ་བ་མེད་དེ། འོང་བ་དང་འགྲོ་བ་མེད་པའི་དོན་ནི་བྱང་ཆུབ་བོ། །​ཕུང་པོ་རྣམས་ནི་ད་ལྟར་བྱུང་བ་ལ་མི་གནས་པ་སྟེ། ད་ལྟར་བྱུང་བ་ལ་མི་གནས་པའི་དོན་ནི་བྱང་ཆུབ་བོ། །​སྲིང་མོ་གཞན་ཡང་ཕུང་པོ་རྣམས་ནི་འཕགས་པ་རྣམས་ཀྱིས་ཐ་སྙད་ཡིན་པས་བྱང་ཆུབ་ཀྱང་འཕགས་པ་རྣམས་ཀྱི་ཐ་སྙད་དོ། །​ཕུང་པོ་རྣམས་ནི་ཐ་སྙད་མེད་པའི་རང་བཞིན་ཅན་ཏེ། བྱང་ཆུབ་ཀྱང་ཐ་སྙད་མེད་པའོ། །​ཕུང་པོ་ལྔའི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནི་བྱང་ཆུབ་ཅེས་བྱའོ། །​སྲིང་མོ་དེ་ལྟར་ན་ཕུང་པོ་ལྔའི་རང་བཞིན་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །​བྱང་ཆུབ་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། སྲིང་མོ་ཕུང་པོ་ལྔའི་རང་བཞིན་གང་ཡིན་པ་དང་། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། །​སྲིང་མོ་གཞན་ཡང་ཕུང་པོ་རྟོགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ཏེ། ཕུང་པོ་མ་གཏོགས་པར་རྟོགས་པ་ཡང་མེད་ལ། བྱང་ཆུབ་མ་གཏོགས་པར་ཡང་རྟོགས་པ་མེད་པས་དེ་ལྟར་རྟོགས་པ་གང་ཡིན་པ་དེ་བྱང་ཆུབ་ཅེས་བྱ་སྟེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། །​སྲིང་མོ་རྣམ་གྲངས་འདིས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་གཏོགས་པ་ལྟར། དེ་གཏོགས་པ་མེད་པར་བསྟན་པ་ནི་བྱང་ཆུབ་སྟེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། །​སྲིང་མོ་གཞན་ཡང་ཁྱོད་ཀྱི་ལུས་འདི་ལ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ཁམས་བཞི་པོ་དག་མངོན་པར་གྲུབ་པ་དེ་ལ་སྲིང་མོ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །​བྱང་ཆུབ་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །​དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་བདག་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh96.html?part=UT22084-046-002-589#UT22084-046-002-589