གཞོན་ནུ་ཐོར་བུ་དར་ལ་བབ་དང་ལྡན། །ལུས་ཀྱི་ཁ་དོག་མཛེས་ཤིང་ཤུགས་ལྡན་ན། །ནོར་མང་དག་དང་བུད་མེད་ཚོགས་བཞེས་ཏེ། །བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད། །མ་ག་དྷཱའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་ཁྱོད་མཐོང་བས་མཆོག་ཏུ་དགའ། །བདག་གི་རྒྱལ་སྲིད་ཀུན་གྱི་གྲོགས་མཛོད་ཅིག །བདག་ནི་ཁྱོད་ལ་མངའ་འབུལ་འདོད་པ་སྤྱོད། །ནགས་ཚལ་སྟོང་པ་དག་ཏུ་མ་བཞུགས་ཤིག །སླན་ཆད་ས་གནས་རྩྭ་སྟེང་མ་བཞུགས་ཤིག །ཁྱོད་ཀྱི་སྐུ་ནི་མཆོག་ཏུ་རབ་ཏུ་གཞོན། །བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད། །བྱང་ཆུབ་སེམས་དཔས་འཇམ་ཞིང་གྱ་གྱུ་མེད། །དགའ་འགྱུར་ཕན་ཞིང་སྙིང་བརྩེའི་ཚིག་སྨྲས་པ། །རྒྱལ་པོ་ཁྱོད་ནི་རྟག་ཏུ་བཀྲ་ཤིས་གྱུར། །ཁོ་བོ་འདོད་པའི་ཡོན་ཏན་མི་འདོད་དོ། །འདོད་པ་དུག་འདྲ་ཉེས་པ་མཐའ་ཡས་ལྡན། །སེམས་ཅན་དམྱལ་དང་ཡི་དགས་དུད་འགྲོར་ལྟུང་། །མཁས་པས་སྨད་ཅིང་འདོད་པས་འཕགས་མ་ཡིན། །ཁོ་བོས་ངར་སྣབས་རུལ་པ་བཞིན་དུ་བོར། །འདོད་པ་ཤིང་གི་འབྲས་བུ་བཞིན་དུ་ལྟུང་། །ཇི་ལྟར་སྤྲིན་དང་ཆར་པ་བཞིན་དུ་འགྲོ། །མི་བརྟན་འགྱུར་ལ་ཇི་ལྟར་རླུང་བཞིན་འགྲོ། །དགེ་བ་ཐམས་ཅད་རྣམ་པར་འཐོར་ཞིང་སླུ། །དེ་བཞིན་འདོད་པ་མི་རྙེད་ཕྱིར་ཡང་གདུང་། །རྙེད་དུ་ཟིན་ཀྱང་ཆོག་པར་འཛིན་མི་འགྱུར། །གང་ཚེ་དབང་མེད་མ་རུང་རབ་གྱུར་པ། །དེ་ཚེ་འདོད་པ་སྡུག་བསྔལ་དྲག་ཆེན་བསྐྱེད། །རྒྱལ་པོ་ལྷ་ཡི་འདོད་པ་གང་ཡིན་དང་། །མི་ཡི་འདོད་པ་བཟང་པོ་གང་ཡིན་པའི། །འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་། །དེ་ལ་ཆོག་པ་མེད་དེ་ཡང་ཚོལ་ལོ། །རྒྱལ་པོ་གང་དག་ཞི་ཞིང་དུལ་གྱུར་པ། །འཕགས་པ་ཟག་མེད་ཆོས་ཀྱིས་འདུ་ཤེས་གང་། །ཤེས་རབ་མཁས་པས་ཆོག་པ་དེ་ལེགས་ཆོག །འདོད་པའི་ཡོན་ཏན་ཆོག་པ་ཅུང་ཟད་མེད། །རྒྱལ་པོ་འདོད་པ་དག་ལ་བསྟེན་བྱས་ཤིང་། །སྔན་ཆད་འདུས་བྱས་པ་ཡི་མཐའ་མ་མེད། །ཇི་ལྟར་མི་དག་ལན་ཚྭའི་ཆུ་འཐུངས་བཞིན། །འདོད་པ་བསྟེན་ན་ཕྱིར་ཞིང་སྲེད་པ་འཕེལ། །རྒྱལ་པོ་ལུས་ལ་ཡང་ལྟོས་དེ་མི་བརྟན།