།དགེ་སློང་དག་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་མཇུག་མ་སྒྱུར་བ་ཞེས་བྱ་བའི་རི་ལ་རང་སངས་རྒྱས་གླང་པོ་ཞེས་བྱ་བ་འདུག་པས་སྒྲ་དེ་ཐོས་ནས་རྡོ་བའི་སྟེང་དུ་འཇིམ་པ་ལ་བྱ་བ་དེ་བཞིན་དུ་འདུག་སྟེ། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱེན་དུ་འཕགས་སོ། །གྱེན་དུ་འཕགས་ནས་ཀྱང་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྒྲོན་མ་བཞིན་དུ་མྱ་ངན་ལས་འདས་སོ། །དེའི་མཁྲིས་པ་དང་། བད་ཀན་དང་། ཆུ་རྒྱུས་དང་། རུས་པ་དང་། ཤ་དང་། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མེས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་ནས། རྐང་རྗེས་དེ་དག་ནི་ད་དུང་ཡང་དྲང་སྲོང་གི་རྗེས་ཞེས་གྲག་སྟེ་ཡོད་དོ། །དགེ་སློང་དག་དེའི་ཚེ་ཡུལ་བཱ་རཱ་ཎ་སཱིའི་རི་དགས་ཀྱི་ནགས་དྲང་སྲོང་ལྷུང་བ་ན་རང་སངས་རྒྱས་ལྔ་བརྒྱ་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་ནས། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱེན་དུ་འཕགས་ནས། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ། སྒྲོན་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་དག་གི་མཁྲིས་པ་དང་། བད་ཀན་དང་། ཆུ་རྒྱུས་དང་། རུས་པ་དང་། ཤ་དང་། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མེས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་སོ། །དེ་ལྟར་འདིར་དྲང་སྲོང་རྣམས་ལྷུང་ངོ་ཞེས་དེ་ཕྱིན་ཆད་དྲང་སྲོང་ལྷུང་བ་ཞེས་བྱ་བ་ཡང་དྲང་སྲོང་ལྷུང་བ་དྲང་སྲོང་ལྷུང་བ་ཞེས་མིང་དུ་ཆགས་པར་གྱུར་ཏོ། །མི་འཇིགས་པ་བྱིན་པའི་རི་དགས་དག་ཀྱང་དེ་ན་གནས་པས་དེ་ཕྱིན་ཆད་རི་དགས་ཀྱི་ནགས་ཞེས་བྱ་བ་ཡང་རི་དགས་ཀྱི་ནགས་རི་དགས་ཀྱི་ནགས་ཞེས་མིང་དུ་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང་། གླིང་ལ་རྣམ་པར་ལྟ་བ་དང་། ཡུལ་ལ་རྣམ་པར་ལྟ་བ་དང་། རིགས་ལ་རྣམ་པར་ལྟ་བའོ། །དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དུས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐོག་མའི་དུས་སེམས་ཅན་འདུ་བའི་ཚེ་མའི་མངལ་དུ་མི་འཇུག་གི །གང་གི་ཚེ་འཇིག་རྟེན་གསལ་བར་ཀུན་ནས་གནས་པར་གྱུར་ཏེ། སྐྱེ་བ་སྣང་བར་གྱུར།