།ཁ་དོག་བཞི་པའི་བྱ་འོངས་ཁ་དོག་གཅིག་སྒྱུར་དང་། །མཆོག་ཏུ་ངན་པ་སྨད་པ་ངན་སྐྱུགས་རི་ལ་ཡང་། །འཛེགས་ནས་འགྲོ་ཡང་དེ་ན་གོས་པ་མེད་པ་རྨི། །རྨི་ལམ་ན་ནི་ཆུ་བོ་ཆུ་ཡིས་རབ་གང་ནས། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་ཁྱེར་བ་ལས། །དེར་ནི་གྲུར་བྱས་བསྒྲལ་ཏེ་གཞན་དག་བསྒྲལ་ནས་ནི། །དེ་ཡིས་འཇིགས་མེད་མྱ་ངན་མེད་མཆོག་ཐང་བཀོད་རྨི། །རྨི་ལམ་ན་ནི་ནད་པ་མང་པོ་ནད་བཏབ་པ། །ནད་མེད་གཟི་བརྗིད་བྲལ་ཞིང་སྟོབས་ཀྱང་ཉམས་རྣམས་ལ། །དེ་ནི་སྨན་པར་གྱུར་ནས་རྩི་སྨན་མང་བྱིན་པས། །ནད་བཏབ་སེམས་ཅན་ཁྲག་ཁྲིག་མང་པོ་ཐར་བྱེད་རྨི། །རི་རབ་ངོས་ལ་སེང་གེའི་ཁྲི་ལ་འདུག་ནས་ནི། །སློབ་མ་ཐལ་མོ་སྦྱར་ཅིང་ལྷ་རྣམས་ཕྱག་འཚལ་ལ། །བདག་ནི་གཡུལ་ལས་རྒྱལ་ཞིང་ལྷ་རྣམས་ནམ་མཁའ་ལས། །ཀུན་ཏུ་དགའ་བའི་སྒྲ་སྒྲོག་པར་ནི་རྨི་ལམ་རྨི། །བཀྲ་ཤིས་བརྟུལ་ཞུགས་བཟང་པོ་ཡོངས་སུ་རྫོགས་པར་ཡང་། །བྱང་ཆུབ་སེམས་དཔའ་རྨི་ལམ་རྣམ་པ་དེ་དག་རྨི། །དེ་ཐོས་ནས་ནི་འདི་ནི་རིང་པོར་མི་ཐོགས་པར། །མི་དང་ལྷ་ཡི་ལྷར་འགྱུར་སྙམ་སྟེ་ལྷ་མི་དགའ། །རྨི་ལམ་གྱི་ལེའུ་སྟེ། བཅུ་བཞི་པའོ།། །།དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་ཆེན་པོ་ཟས་གཙང་མ་ལ་ཡང་མ་བྱས་ཤིང་། ཕས་གནང་བ་མེད་པར་མངོན་པར་འབྱུང་བ་འདི་ནི་བདག་ལ་མི་རིགས་ཏེ། བྱས་པ་གཟོ་བ་མ་ཡིན་པར་འགྱུར་རོ་སྙམ་ནས། དེ་མཚན་མོ་མི་ཉལ་ཙམ་ན་རང་གི་གནས་ཀྱི་ཁང་བཟངས་ནས་བྱུང་སྟེ། རྒྱལ་པོ་ཟས་གཙང་མའི་ཁང་བཟངས་སུ་ཕྱིན་ནས་འདུག་གོ། །བྱང་ཆུབ་སེམས་དཔའ་འདུག་མ་ཐག་ཏུ་ཁང་བཟངས་ཐམས་ཅད་ཀྱང་འོད་ཀྱིས་གསལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སད་པ་དང་། འོད་དེ་མཐོང་སྟེ་མཐོང་ནས་ཀྱང་མྱུར་བ་མྱུར་བར་ཉུང་རུམ་ལ་སྨྲས་པ། ཀྱེ་ཉུང་རུམ་ཅི་ཉི་མ་ཤར་ཏམ། གང་གིས་ན་འདི་འོད་ཀྱིས་རྣམ་པར་མཛེས། ཉུང་རུམ་གྱིས་སྨྲས་པ། ལྷ་ད་དུང་དུ་དགུང་ཕྱེད་ཀྱང་མ་བས་སོ། །ལྷ་གཞན་ཡང་ཉི་མའི་འོད་ནི་ཤིང་དང་རྩིག་པ་ཐལ་མི་ཕྱིན། །ལུས་ལ་གདུང་བར་བགྱིད་ཅིང་ཚ་བར་རབ་ཏུ་བགྱིད། །ནང་པར་དུས་ན་ངང་པ་དག་དང་རྨ་བྱ་དང་། །ནེ་ཚོ་ཁུ་བྱུག་ངུར་པ་དག་ཀྱང་རང་སྒྲ་འབྱིན། །