Degé Kangyur volume 45, F.332.b

དོ། །​བདེ་གཤེགས་ཆོས་ཀྱི་དབང་ཕྱུག་བྲམ་ཟེའི་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་དབྱངས་དེ་ལ། །​ཀུ་ཤ་དག་ལས་བྱས་པའི་ན་བཟའ་ཕུལ་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཚངས་དབྱངས་ཞིང་པའི་ཚེ། །​བསོད་ནམས་འདོད་ཕྱིར་ཁྲོན་དྲུང་ཆུ་ཏོམ་བཞག །​དེ་བཞིན་གཤེགས་པ་དགོངས་པ་ཆེན་པོ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤྱོད་བཟང་བ་ལང་རྫི་ཡི་ཚེ། །​དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །​སྣོད་དག་ཞོ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འཁྲུལ་མེད་བློ་ནི་གླིང་བུ་མཁན། །​བྱེད་ཚེ་བདེ་གཤེགས་སེམས་སྤྱོད་བདུད་རྩི་ལ། །​ཡིད་དུ་འོང་བའི་སྒྲ་དག་བསྒྲགས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དབྱངས་ཆེན་ཁྱིམ་བདག་ཚེ། །​གཙུག་ལག་ཁང་ནི་སྟོང་སྙེད་བྱས་ནས་ཀྱང་། །​དེ་བཞིན་གཤེགས་པ་བློ་གྲོས་གསལ་བ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྙན་གྲགས་ཚོང་དཔོན་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་སྒྲོན་མ་མཆོག་དེ་ལ། །​ཕྲེང་བ་བརྒྱུས་པ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཏོག་ལྡན་ཤིང་ཐུན་ཚེ། །​དེ་བཞིན་གཤེགས་པ་བློ་གྲོས་བརྟན་པ་ལ། །​ཨུད་པལ་གསུམ་ཞིག་གཏོར་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བརྗིད་རྣམ་གྲགས་ཚོང་དཔོན་གྱི། །​བུ་ཚེ་བདེ་གཤེགས་མཐུ་རྩལ་སྟོབས་དེ་ལ། །​མེ་ཏོག་དག་གི་ཕུར་མ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འགྲོ་བའི་དབང་ཕྱུག་དེད་དཔོན་ཚེ། །​དེ་བཞིན་གཤེགས་པ་པད་འདབ་སྤྱན་དེ་ལ། །​ནོར་བུའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ལྗོན་པ་དབུལ་པོའི་ཚེ། །​དེ་བཞིན་གཤེགས་པ་བྱང་ཆུབ་འོད་དེ་ལ། །​མ་ཥའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཏི་མུག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14518#UT22084-045-001-14518