Degé Kangyur volume 45, F.310.a
།གྲོང་ཁྱེར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དལ་བཞུད་དགེ་སློང་རྐྱེན་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་དཔལ་དེ་ལ། །སོ་བི་ར་ཀའི་བཏུང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་དཀའ་ཐུབ་ཕྱག་དར་པ་ཡི་ཚེ། །དེ་བཞིན་གཤེགས་པ་བསྡུ་བ་མཁྱེན་པ་པོ་དེ་ཡི། །ལམ་སྲང་ཁྲུ་བཅུ་སྲིད་དུ་ཕྱག་དར་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཕུང་པོ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་དེ། །འཇིགས་པ་མེད་པས་དགོན་པར་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཆེན་པོ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་རིམས་ནད་མེད་པ་ཡི། །བློ་མངའ་དེ་ལ་རྒྱན་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཙམ་པ་ཀ་ནི་རྒྱལ་ཕྲན་ཚེ། །དེ་བཞིན་གཤེགས་པ་འཕགས་པ་དུལ་བ་ལ། །མུ་སྣི་ཀ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགའ་མཛད་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་ལྷ་དེ་ལ། །རིལ་བ་སྤྱི་བླུགས་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་བཟང་པོ་ལྷ་བུའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་བདུད་རྩི་དེས། །ཆོས་ཀྱི་འཁོར་ལོ་བསྐོར་ཚེ་ལེགས་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབང་པོའི་རྒྱལ་མཚན་མཆོད་སྡོང་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་ཐོགས་པ་མེད་པ་གྲོང་ཁྱེར་དུ། །གཤེགས་པའི་ཚེ་ན་མཆོད་སྡོང་དག་ནི་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྱེས་ཆེན་སྨན་པའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་ཕུང་པོ་ལ། །སྨན་གྱི་རེང་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣ་མའི་མེ་ཏོག་འོད་ནི་གར་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་ལྡན་དེ་ལ་ནི། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14473#UT22084-045-001-14473