Degé Kangyur volume 45, F.283.b

ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་གཉིས་པ་གཅིག་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་མཛད་མཐའ་གཟིགས་པ་ཡི། །​སྐྱེ་བའི་ཡུལ་ནི་མཛེས་པར་སྦྱངས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་རྣམ་པར་དག་པ་ཡབ། །​བྱས་པ་ངེས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བཟང་ལྡན་གྲགས་བྱིན་རིམ་གྲོ་པ། །​མཆོད་རྟེན་དགའ་ཞེས་བྱ་བ་མཁས་པ་སྟེ། །​གསལ་བ་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་དག་ཆོམས་པ་དེ་དག་ཀུན་གྱི་གྲངས། །​བྱེ་བ་ཕྲག་ནི་བརྒྱ་བརྒྱ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​སྟོང་གསུམ་མཆོད་རྟེན་བཟང་པོས་གང་བར་འགྱུར། །​དེ་བཞིན་གཤེགས་པ་སྲིད་པའི་མེ་ཏོག་གི། །​སྐྱེ་བའི་ཡུལ་ནི་གྲགས་པ་བསྒྲགས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་ལྔ་ཡབ་ནི་སྲིད་མཐའ་ཡིན། །​བློ་གྲོས་ཉི་མ་ཞེས་བྱ་རྒྱལ་བའི་ཡུམ། །ནོར་ལྷའི་བུ་སྲས་ཟླ་ཉི་རིམ་གྲོ་པ། །​དགྲ་བཅོམ་དགའ་ཞེས་བྱ་བ་མཁས་པ་སྟེ། །​འཕགས་པ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ང་མེད་ནམ་མཁའ་དག་དང་མཚུངས་པ་པོ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གསུམ་པ། །​གཅིག་སྟེ་རིན་ཆེན་བཀོད་པས་རབ་ཏུ་བརྒྱན། །​འཇིག་རྟེན་མགོན་པོ་མཛོད་སྤུ་ལྡན་པ་ཡི། །​སྐྱེ་བའི་ཡུལ་ནི་སྟེགས་མཆོག་ཅེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གསུམ་ཡབ་ནི་རབ་གསལ་ཡིན། །​བརྟུལ་ཞུགས་གྲུབ་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟླ་སྡུག་རབ་དགའ་རིམ་གྲོ་པ། །​ཐར་པའི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​མྱ་ངན་མེད་པར་གནས་པ་རྫུ་འཕྲུལ་ཅན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14420#UT22084-045-001-14420