Degé Kangyur volume 45, F.282.b

རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ཁྱད་པར་འཕགས། །​རྒྱ་མཚོའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་རྒྱ་མཚོ་མཚོ་ཆེན་རིམ་གྲོ་པ། །​བདུད་རྩི་དགའ་ཞེས་བྱ་བ་མཁས་པ་སྟེ། །​མྱ་ངན་འདས་པའི་སྟེགས་བཟང་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​དངོས་མེད་ཕྱིན་པ་གཏི་མུག་མེད་ཞི་བ། །​བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་ཆིག་སྟོང་ཡིན། །​དྲི་མ་སྤངས་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དྲུག་ཁྲི་ཆིག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོས་ཞིང་རྣམས་གང་བར་འགྱུར། །​དེ་བཞིན་གཤེགས་པ་སྒྲ་གཅན་སྦེད་པ་ཡི། །​སྐྱེ་བའི་ཡུལ་ནི་སྒྲོན་མའི་མདངས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ཡོན་ཏན་འཕྲུལ། །​རྫུ་འཕྲུལ་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཕྲུལ་ཅན་བཀོད་པ་རིམ་གྲོ་པ། །​བློ་དང་ལྡན་ཞེས་བྱ་བ་མཁས་པ་སྟེ། །​འཁྲུལ་པ་མེད་པར་སེམས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་ཟག་པ་མེད་པ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་ཉི་ཤུ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་རིན་པོ་ཆེ་ཡིས་སྤྲས། །​འཇིག་རྟེན་མགོན་པོ་དགེ་བ་མཛད་པ་ཡི། །​སྐྱེ་ཡུལ་གཟི་བརྗིད་འཇིགས་པ་མེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་ཡབ་ནི་དོན་བརྟན་ཡིན། །​མཆོག་ཏུ་བརྟན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་དྲང་པོ་རིམ་གྲོ་པ། །​ཡོན་ཏན་ཆེ་ཕྲ་འཛིན་པ་མཁས་པ་སྟེ། །​སྒྲོན་མ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​འཇིག་རྟེན་དད་པ་དགྲ་བཅོམ་ཆགས་མེད་པ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​ཐུགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14418#UT22084-045-001-14418