Degé Kangyur volume 45, F.249.a

རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་དབང་ཡིན། །​འཇིག་རྟེན་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཙོ་བོ་ཐར་འབྱོར་རིམ་གྲོ་པ། །​རབ་ཏུ་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །​མཐུ་རྩལ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ལྟ་བ་ཕལ་ཆེན་མ་ལུས་སྤོང་བ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །​མཆོད་རྟེན་དཔག་ཚད་བཅྭ་ལྔ་པ་གཅིག་སྟེ། །​གསེར་དང་ནོར་བུ་ཀུན་གྱི་ལྡ་ལྡི་བཤམས། །​གདུགས་གྲངས་བརྒྱ་སྙེད་དག་གིས་འཁོར་བར་བསྐོར། །​འཇིག་རྟེན་མཆོག་མ་ཞལ་བཟངས་སྐྱེ་བ་ཡི། །​ཡུལ་ནི་འཇིག་རྟེན་ལེགས་པར་ལྟ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ལུས་བཟངས་ཡིན། །​མཉམ་ཉིད་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་བློ་ལྡན་རིམ་གྲོ་པ། །​ཤེད་སྐྱེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །​ལེགས་དུལ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །​ལྷ་མི་དག་ལ་ཕན་ཕྱིར་གནས་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སུམ་ཅུ་རྩ་བདུན་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །​རྒྱལ་བ་ཤུགས་གནས་ཡེ་ཤེས་ལྡན་པ་ཡི། །​སྐྱེ་ཡུལ་བསོད་ནམས་ལེགས་པར་བསགས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བདུན་ཡོད་ཡབ་ནི་ཡོན་ཏན་དོན། །​དོན་གྱི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཀུན་འཕགས་དགའ་བོ་རིམ་གྲོ་པ། །​ཤེས་བཟོད་ཅེས་ནི་བྱ་བ་མཁས་པ་སྟེ། །​རྣམ་པར་གྲགས་པའི་སྒྲོན་མ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​ཡོན་ཏན་མཆོག་གི་མེ་ཏོག་ཁ་རྒྱས་པ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14351#UT22084-045-001-14351