Degé Kangyur volume 45, F.225.a

བྱའོ། །​ཡུམ་ནི་ལྟ་བས་མཐོང་ཞེས་བྱའོ། །​སྲས་ནི་མི་ཟད་པའི་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཤིན་ཏུ་འཕགས་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་གསལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐེ་ཚོམ་མེད་པའི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གསེར་མཆོག་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །​ཡུམ་ནི་བཻ་དཱུརྱའི་འོད་ཅེས་བྱའོ། །​སྲས་ནི་རིན་ཆེན་ཡོངས་དག་ཅེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་འབྱུང་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་སྒྲོགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཐམས་ཅད་མངོན་པར་ཤེས་པ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཉི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་གཙུག་སྐྱེ་བའི་ཡུལ་ནི་དགའ་བ་མཐོང་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲིའོ། །​ཡབ་ནི་རྨོག་གྱོན་ཞེས་བྱའོ། །ཡུམ་ནི་ཉི་མ་གསལ་བྱེད་ཅེས་བྱའོ། །​སྲས་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་ཆགས་མེད་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཡོ་བ་མེད་པར་གནས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་མཆོག་ཁ་ལོ་སྒྱུར་བ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བཞི་བཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14303#UT22084-045-001-14303