Degé Kangyur volume 45, F.213.b

འོད་ནི་རྒྱལ་ཡུམ་སྲས་པོ་ནི། །​བསོད་ནམས་སྟོབས་ཡིན་ཡོན་ཏན་རིམ་གྲོ་པ། །​ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །​ལྷས་མཆོད་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །​ཐེག་པ་མཆོག་གིས་རྣམ་ཐར་ཐོབ་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་ཆིག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །​བྱེ་བ་ཕྲག་ནི་སྟོང་ཕྲག་བརྒྱད་ཅུ་འབྱུང་། །​འཇིག་རྟེན་མགོན་པོ་འོད་ཟེར་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་འོད་རྟག་པ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བརྒྱད་ཡབ་ནི་ལྷག་མཐོང་ཡིན། །​འོད་ཀྱིས་བརྒྱན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འོད་བྱིན་འོད་ཅན་རིམ་གྲོ་པ། །​དེས་པའི་འོད་ཅེས་བྱ་བ་མཁས་པ་སྟེ། །​མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །​རི་མཚུངས་འཁྲུགས་པ་མེད་པར་གྱུར་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །​དམ་ཆོས་ལོ་གྲངས་དགུ་བཅུ་རྩ་དྲུག་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་བཞི་པ་གཅིག །​རིན་ཆེན་བརྒྱ་ཡི་ཆུན་པོ་རབ་དཔྱངས་ལ། །​སིལ་སྙན་བྱེ་བ་བརྒྱ་སྙེད་སྒྲ་ཡང་འཁྲོལ། །​མཚུངས་པ་མེད་པ་སྨྲང་འདོན་སྐྱེ་བའི་ཡུལ། །​མྱ་ངན་རྣམ་པར་འཚང་བར་བྱེད་ཅེས་བྱ། །​རྡུལ་བྲལ་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​སྟོང་གསུམ་ཙམ་ཡོད་ཡབ་ནི་མཐུ་ལྡན་ཡིན། །​གཟི་བརྗིད་བདོག་པ་རྒྱལ་ཡུམ་སྲས་པོ་ནི། །​ཡོན་ཏན་ཚོགས་ཡིན་དྲན་ལྡན་རིམ་གྲོ་པ། །​ཐར་པའི་འོད་ཅེས་བྱ་བ་མཁས་པ་སྟེ། །​རྒོལ་བ་ཚར་གཅོད་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་མཐའ་ཡས་ཀུན་ལ་ཡང་། །​བྱང་ཆུབ་མཆོག་རབ་དག་ལ་རབ་གནས་པ། །​གཟུངས་ཐོབ་ཕྱིར་མི་ལྡོག་པ་ཤ་སྟག་གོ། །​མི་ཚེ་ལོ་གྲངས་བྱེ་བ་སྟོང་ཡང་ཡིན། །​ཕྱིར་མི་ལྡོག་པའི་ཚོགས་ཕྱིར་དམ་ཆོས་དག །​ལོ་གྲངས་བྱེ་བ་བདུན་ཅུ་དྲུག་ཏུ་གནས། །​རྒྱལ་བའི་སྐུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14280#UT22084-045-001-14280