Degé Kangyur volume 45, F.211.b

རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཅུ་པ་རིན་པོ་ཆེ་ཡིས་སྤྲས། །​འཇིག་རྟེན་མགོན་པོ་འོད་ནི་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་ནོར་འབྱོར་པ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་བློ་བཟངས་ཡིན། །​བློ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བློ་ལེགས་བློ་ཆེན་རིམ་གྲོ་པ། །​བློ་ཡི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​བློ་ལ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​སྲིད་པ་ཀུན་ལ་ཆགས་པ་མེད་གྱུར་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་དྲུག་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་གསེར་གྱི་རྒྱལ་མཚན་དག་གིས་བསྐོར། །​འཇིག་རྟེན་མགོན་པོ་གྲགས་པ་བྱིན་པ་ཡི། །​སྐྱེ་བའི་ཡུལ་ནི་མཆོད་ཅིང་བཀུར་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་བློ་བཟངས་ཡིན། །​བྱང་ཆུབ་འདོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟམ་པ་དུལ་བ་རིམ་གྲོ་པ། །​ཕྱོགས་ཀྱི་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​འཇིག་རྟེན་མངོན་བསྟོད་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་རྩ་བཞི་སྟེ། །​ཀུན་ལའང་ཐ་བ་མེད་པར་བསྒོམས་པ་པོ། །​བྱེ་བ་ཕྲག་ནི་སྟོང་སྟོང་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲི་སུམ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་གསེར་གྱིས་རྣམ་པར་སྤྲས། །​སེམས་ཅན་སྙིང་པོ་གཟུགས་ནི་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་ཐར་པ་དགའ་ཞེས་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​དྲུག་ཅུ་རྩ་གཉིས་ཡབ་ནི་དོན་ཆེན་ཡིན། །​ཡོན་ཏན་ཚོགས་ནི་རྒྱལ་ཡུམ་སྲས་པོ་ནི། །​ཡོན་ཏན་བདག་ཉིད་དོན་ལྡན་རིམ་གྲོ་པ། །​ཡོན་ཏན་མེ་ཏོག་རྒྱས་པ་མཁས་པ་སྟེ། །​མཐའ་ཡས་ཡོན་ཏན་དོན་ནི་རྫུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14276#UT22084-045-001-14276