Degé Kangyur volume 45, F.201.b

པོ་ཆེ་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་བཞི་བདག་ཉིད་ཆེན་པོ་ཡབ། །​རིན་ཆེན་ལྡན་མ་རྒྱལ་ཡུམ་ང་རྒྱལ་ཅན། །​སྲས་ཡིན་བློ་གྲོས་ཅན་ནི་རིམ་གྲོ་པ། །​རིན་ཆེན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །​ནོར་ཀུན་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །​བྱེ་བ་སྟོང་ཕྲག་ཉི་ཤུ་གཉིས་གཉིས་ཡོད། །​སྐུ་ཚེའི་ཚད་དག་ལོ་གྲངས་སྟོང་ཕྲག་ནི། །​བཅྭ་ལྔ་རངས་པར་ཚང་བར་འགྱུར་བ་ཡིན། །​ཁྱུ་མཆོག་ཆེན་པོའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །​མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​སྐུ་གདུང་མཆོད་རྟེན་དཔག་ཚད་གཅིག་པ་འབྱུང་། །​དེ་བཞིན་གཤེགས་པ་མཆོད་པར་མཛད་པ་ཡི། །​སྐྱེ་བའི་ཡུལ་ནི་གསལ་བར་མཐོང་ཞེས་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ས་ག་ཡིན། །​རི་དགས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དག་བྱེད་ལེགས་དག་རིམ་གྲོ་པ། །​དྲང་སྲོང་རྟོགས་ཞེས་བྱ་བ་མཁས་པ་སྟེ། །​ལེགས་པར་རྟོགས་པའི་ཡེ་ཤེས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་དང་། །​གཞན་ཡང་དགྲ་བཅོམ་བྱེ་བ་སྟོང་སྟོང་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​དུས་གསུམ་མཁྱེན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​དེ་ཚེ་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​བདེ་གཤེགས་རྣམ་པར་གྲགས་པའི་རྒྱལ་པོ་ཡི། །​སྐྱེ་བའི་ཡུལ་ནི་དག་པར་གྲགས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱད་ཡོད་ཡབ་ནི་དད་པ་ཡིན། །​བློ་གྲོས་གྲགས་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ལེགས་གྲགས་གྲགས་པ་རིམ་གྲོ་པ། །​ཡོན་ཏན་གྲགས་ཞེས་བྱ་བ་བློ་ཅན་ཏེ། །​རྫུ་འཕྲུལ་ཤིན་ཏུ་སྦྱངས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​ཕུང་པོར་འཛིན་ལ་མི་ལྟ་རྣམ་གྲོལ་བ། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​མཚུངས་པ་མེད་པའི་དམ་པའི་ཆོས་དག་ཀྱང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14256#UT22084-045-001-14256