Degé Kangyur volume 45, F.191.a

སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་འགྲོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཀྱིས་བརྒྱན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དྲུག་གོ། །​ཡབ་ནི་མཐུ་རྩལ་བརྟན་ཞེས་བྱའོ། །​ཡུམ་ནི་ཡེ་ཤེས་ཐོབ་ཅེས་བྱའོ། །​སྲས་ནི་མཐོང་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་སྡུག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བྷ་ར་ཏ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་རབ་གསལ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སྐྱེ་བའི་ཡུལ་ནི་ཀུན་ཏུ་གཟི་བརྗིད་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཞི་བཅུའོ། །​ཡབ་ནི་དྲག་ཤུལ་བརྩེགས་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །​སྲས་ནི་དམིགས་པ་མ་འཁྲུལ་ཞེས་བྱའོ། །​རིམ་གྲོ་པ་ནི་སེམས་བརྟགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུགས་པ་མེད་པར་གནས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །​གཉིས་པ་ལ་ནི་འབུམ་མོ། །​གསུམ་པ་ལ་ནི་སུམ་འབུམ་མོ། །​བཞི་པ་ལ་ནི་དྲུག་འབུམ་མོ། །​ལྔ་པ་ལ་ནི་བརྒྱད་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སྐྱེ་བའི་ཡུལ་ནི་འོད་ཟེར་མཐའ་ཡས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཅུའོ། །​ཡབ་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་མཆོད་ཅེས་བྱའོ། །​སྲས་ནི་ལྷའི་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་ལག་མཆོག་གཟི་བརྗིད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁམས་གསུམ་གཟི་བརྗིད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཕགས་པའི་གཟི་བརྗིད་ཅེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14235#UT22084-045-001-14235