Degé Kangyur volume 45, F.185.b

ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུལ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་བཅུ་རྩ་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཡོན་ཏན་གྲགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་གསུམ་མོ། །​ཡབ་ནི་འཕགས་པའི་ལྷ་ཞེས་བྱའོ། །​ཡུམ་ནི་ཤིན་ཏུ་མཛེས་མ་ཞེས་བྱའོ། །​སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་སྤོང་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་སེམས་དཔའ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དྲུག་གོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ནོ། །​གསུམ་པ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་ཆིག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་དཔག་ཚད་བརྒྱད་སྟོང་དྲུག་བརྒྱ་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲིའོ། །​ཡབ་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །​ཡུམ་ནི་ཡོན་ཏན་ཟླ་བ་ཞེས་བྱའོ། །​སྲས་ནི་སྐལ་ལྡན་ཤིང་རྟ་ཞེས་བྱའོ། །​རིམ་གྲོ་པ་ནི་ཉི་མའི་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གྲགས་པ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བདུན་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བཅིངས་མེད་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཅུ་རྩ་བཞི་པའོ། །​ཡབ་ནི་ཆུ་ལྷའི་ལྷ་ཞེས་བྱའོ། །​ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14224#UT22084-045-001-14224