Degé Kangyur volume 45, F.177.b

བརྒྱན་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཁས་ལྡན་སྣང་ལྡན་རིམ་གྲོ་པ། །​སྲིད་པའི་འཆིང་བ་གཅོད་བྱེད་མཁས་པ་སྟེ། །​སྲིད་པ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དག་ནི་བརྒྱ་ཡིན་ཏེ། །​བསོད་ནམས་རྣམ་གྲོལ་དགྲ་བཅོམ་མི་སློབ་པ། །​དེ་དག་འདུས་པ་ཐེར་འབུམ་ཚང་བར་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​དམ་ཆོས་ལོ་གྲངས་བྱེ་བར་གནས་འགྱུར་ཞིང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གསུམ་སྟེ། །​རྣམ་རྒྱལ་ཁང་བཟངས་ལྟ་བུར་ལེགས་པར་སྤྲས། །​དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་ཡི། །​སྐྱེ་བའི་ཡུལ་ནི་ཆོས་ཀྱི་འོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཉིས་བདག་ཉིད་ཆེན་པོ་ཡབ། །​སེམས་མཚུངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འོད་ལྡན་ངེས་ལྡན་རིམ་གྲོ་པ། །​ཤིན་ཏུ་རྣམ་པར་ངེས་པ་མཁས་པ་སྟེ། །​ངེས་ཐོབ་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བཅུ་བཞི་སྟེ། །​ཀུན་ལའང་དགྲ་བཅོམ་པ་ཡི་ཚོགས་དག་གི། །​མཚུངས་པར་འགྱུར་ཏེ་ཐེར་འབུམ་ཐེར་འབུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​བདུད་རྣམས་ཕུང་བར་མཛད་པའི་དམ་ཆོས་དག །​ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །​སྟོན་པ་མྱ་ངན་འདས་ནས་རྒྱལ་བ་ཡི། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག །​དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ཏོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གསུམ་ཙམ་མོ། །​ཡབ་ནི་འགྲོ་བའི་དབང་ཕྱུག་ཅེས་བྱའོ། །​ཡུམ་ནི་དཔལ་གྱི་རིན་ཆེན་མཆོག་ཅེས་བྱའོ། །​སྲས་ནི་ཡོན་ཏན་སྟོང་གི་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་མཐའ་ཡས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཟེར་ཡིད་དུ་འོང་བ་ཞེས་བྱའོ། །​འདུས་པ་ནི་ལན་གྲངས་གྲངས་མེད་དེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཁྲི་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14208#UT22084-045-001-14208