Degé Kangyur volume 45, F.157.a

ཞི་བ་སྐྱེ་བའི་ཡུལ་ནི་སྐྱོན་མེད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་ཞི་བའི་བློ་གྲོས་ཞེས་བྱའོ། །​ཡུམ་ནི་ཤིན་ཏུ་ཞི་བའི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་ཕལ་ཆེན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་གང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་མེད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་ཅེས་བྱའོ། །​འདུས་པ་ནི་ལན་བཅྭ་ལྔ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རབ་གསལ་རྒྱལ་པོ་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་རབ་གསལ་ཞེས་བྱའོ། །​ཡུམ་ནི་བློ་གྲོས་ཏོག་ཅེས་བྱའོ། །སྲས་ནི་གཟི་བརྗིད་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་ལེགས་མཐོང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ལག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་རོལ་པ་ཅན་ཞེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་དགུ་དང་འབུམ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །​དམ་པའི་ཆོས་ཀྱང་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཁ་ལོ་སྒྱུར་སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བའོ། །​ཡབ་ནི་ཉི་མའི་གཟི་བརྗིད་ཅེས་བྱའོ། །​ཡུམ་ནི་མི་འཇིགས་བྱིན་ཞེས་བྱའོ། །​སྲས་ནི་མཐོང་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་སྒྲོན་མའི་ལག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་བརྟན་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14167#UT22084-045-001-14167