Degé Kangyur volume 45, F.155.a

དང་འབུམ་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་ཅུ་རྩ་དྲུག་གོ། །​ཡབ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །​ཡུམ་ནི་སོ་བཟངས་མ་ཞེས་བྱའོ། །​སྲས་ནི་གཟི་བརྗིད་སྦས་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་ཟིལ་གནོན་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་གྱི་ཚོགས་འཇོམས་པ་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཚེ་དཔག་མེད་སྐྱེ་བའི་ཡུལ་ནི་གསལ་བ་དང་ལྡན་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཁྲི་སུམ་སྟོང་ངོ་། །​ཡབ་ནི་བཟང་མཆོག་ཅེས་བྱའོ། །​ཡུམ་ནི་གཟི་བརྗིད་བཟང་མོ་ཞེས་བྱའོ། །​སྲས་ནི་ཟླ་བ་ཞེས་བྱའོ། །​རིམ་གྲོ་པ་ནི་དྲི་མེད་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །​འདུས་པ་ནི་ལན་འབུམ་སྟེ། ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔག་ཏུ་མེད་དོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཆིག་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ནོར་བུ་བཀོད་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བྱེ་བའོ། །​ཡབ་ནི་མཆོད་པ་བཀོད་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14163#UT22084-045-001-14163