Degé Kangyur volume 45, F.150.b

ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་ཉི་མ་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ཙམ་མོ། །​ཡབ་ནི་བཟང་པོ་ཞེས་བྱའོ། །​ཡུམ་ནི་བཟང་མཆོག་མ་ཞེས་བྱའོ། །​སྲས་ནི་ཉི་མའི་གདོང་ཞེས་བྱའོ། །​རིམ་གྲོ་པ་ནི་བརྟུལ་ཞུགས་བཟང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་མཐའ་ཡས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཅན་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །​དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དོན་གྲུབ་སྐྱེ་བའི་ཡུལ་ནི་བསམ་པ་ཇི་ལྟ་བ་བཞིན་འབྱུང་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ་། །​ཡབ་ནི་གཽ་ཏ་མ་ཞེས་བྱའོ། །​ཡུམ་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །​སྲས་ནི་ཟླས་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་བརྟན་པས་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙིང་པོ་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་དགའ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བདུན་ཏེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷུན་པོ་བརྩེགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བྱེ་བའོ། །​ཡབ་ནི་བློ་གྲོས་གནས་ཞེས་བྱའོ། །​ཡུམ་ནི་མཉམ་སེམས་ཞེས་བྱའོ། །​སྲས་ནི་བློ་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་འོད་ཅེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14154#UT22084-045-001-14154