Degé Kangyur volume 45, F.89.a

པ་དྲུག་གོ། །​དེ་ལ་མ་འོངས་པའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འགྲོ་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལྟ་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གང་ཟག་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྦྱོར་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྐྱེ་བ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྣམ་པར་སྨིན་པ་ཐ་དད་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མ་འོངས་པའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ད་ལྟར་བྱུང་བའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ད་ལྟར་བྱུང་བའི་དུས་ཀྱི་བྱ་བ་ཤེས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མྱ་ངན་ལས་འདས་པ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འདོད་ཆགས་དང་བྲལ་བར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འགོག་པ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མངོན་སུམ་དུ་བྱ་བ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདུས་བྱས་དང་འདུས་མ་བྱས་ལ་ཆུད་ཟ་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ད་ལྟར་བྱུང་བའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐབས་མཁས་པས་དཔྱོད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྐྱོན་དང་བྲལ་བར་སྦྱོར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐམས་ཅད་དུ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ཅན་རྣམས་ཀྱི་མོས་པ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བདེ་བ་ཚད་མེད་པ་ལ་འཇུག་པ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14031#UT22084-045-001-14031