Degé Kangyur volume 45, F.77.a

དག་པའི་ཏིང་ངེ་འཛིན་གྱི་སྒོ་མོ་རྣམ་པར་གྲོལ་བ་དང་ལྟ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཡང་དག་པའི་ཏིང་ངེ་འཛིན་མ་གཏུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཡང་དག་པའི་ཏིང་ངེ་འཛིན་ལེགས་པར་འོངས་པ་བསམ་པ་ཇི་ལྟ་བ་བཞིན་ལས་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡང་དག་པའི་ཏིང་ངེ་འཛིན་གཉེན་པོ་ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གནོད་པར་བྱེད་པའི་ཆོས་རྣམས་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལུས་དང་། སེམས་ཤིན་ཏུ་སྦྱངས་པ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྒྲིབ་པ་མེད་པ་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཏིང་ངེ་འཛིན་ལ་གཞན་གྱིས་ཉམས་པར་བྱར་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཡེ་ཤེས་ཀྱི་སྦྱོར་བ་མ་རྒུད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བསམ་པ་ཐམས་ཅད་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མ་ཐོས་པར་ཆོས་རྣམས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྐྱོན་མེད་པར་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྐྱེ་བོ་མང་པོ་འདོད་པར་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལྡེམ་པོ་དག་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་ཀྱི་ཉིང་མཚམས་སྦྱོར་བ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རིག་པ་ལ་སྦྱོར་བ་གྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འདོད་པར་འགྱུར་བའི་རིག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རིག་པ་ཐམས་ཅད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རིག་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14007#UT22084-045-001-14007