Degé Kangyur volume 45, F.74.a

འདི་དག་ནི་དད་པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བརྩོན་འགྲུས་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤིན་ཏུ་བཟོད་ཅིང་ཕ་རོལ་གནོད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མཐུ་ཅན་ལ་གཞན་གྱིས་གནོད་པ་བྱས་ཀྱང་དེ་ལ་དང་དུ་ལེན་པ་ནི་དཔེར་ན་རྒྱལ་པོའི་བུ་ཀུ་ཤའི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྤྱོད་པ་ཐོས་ཀྱང་དང་དུ་ལེན་པ་ནི་དཔེར་ན་མིག་བཟངས་བཙུན་མོ་དམ་པས་ཡི་ཆད་ཀྱང་དང་དུ་ལེན་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྲེད་པས་མི་འཕྲོགས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསམ་གཏན་ཐམས་ཅད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྐྱེ་བ་ལས་འདས་ཀྱང་རྗེས་སུ་འཇུག་པའི་ཤེས་རབ་ནི་དཔེར་ན་བྲམ་ཟེའི་བུ་བླ་མའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཀྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དྲན་པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷ་ཡུལ་དག་དྲན་པ་རྒྱུན་མི་འཆད་ཀྱང་ལྷའི་འདོད་པ་དག་ལ་ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལྷའི་བུ་མོ་དག་གི་ཉེས་དམིགས་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཞལ་མེད་ཁང་དག་ལ་མངོན་པར་དགའ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལྷར་གྱུར་ནས་ཐར་པ་ལ་རེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལྷའི་འཁོར་གྱི་འདུ་འཛི་ལ་མི་གནས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ལྷ་རྣམས་ཆོས་སྟོན་པ་ལ་མངོན་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དྲན་པའི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཏིང་ངེ་འཛིན་གྱི་སྟོབས་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དངོས་པོ་ཡོངས་སུ་བཏང་ནས་ཏིང་ངེ་འཛིན་ལ་དགའ་བ་ནི་དཔེར་ན་རྒྱལ་པོ་ལྷ་ཆེན་པོས་རྒྱལ་སྲིད་བོར་ཏེ་རབ་ཏུ་བྱུང་བའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སེམས་ཀྱི་སྦྱོར་བ་ལུས་དང་ངག་གི་ལྷག་མ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14001#UT22084-045-001-14001