Degé Kangyur volume 45, F.67.a
།ང་རྒྱལ་ཀུན་ཏུ་འཇོམས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །གཞན་གྱི་བསམ་པ་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་ཐམས་ཅད་ལ་དུས་གསུམ་དུ་མ་བརྗེད་པ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་སྐད་ཅིག་གཅིག་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མཉམ་པར་མ་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤའི་མིག་གིས་སེམས་ཅན་རྣམས་ལ་གཟིགས་ནས་སྡུག་བསྔལ་བར་གྱུར་པ་རྣམས་ལ་བདེ་བ་ཉེ་བར་བསྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ལྷའི་མིག་གིས་དར་བ་དང་རྒུད་པ་གཟིགས་ནས་འཇིག་རྟེན་གྱི་ཐར་པ་ཉེ་བར་བསྒྲུབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཉན་ཐོས་རྣམ་པར་འཇོག་ཅིང་གཞན་ལ་བརྩེ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་ཉེ་བར་བསྒྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཀྱིས་ལྷའི་སེམས་གཟིགས་ནས་ཆོས་སྟོན་པ་ནི་དཔེར་ན་བྲམ་ཟེ་ལྷའི་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །དུས་མཁྱེན་པ་སྨོན་ནས་ཤེས་པས་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་མཉམ་པར་མ་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོར་ཟང་ཟིང་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བཟོད་པའིའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13987#UT22084-045-001-13987