Degé Kangyur volume 45, F.61.a

ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​གསེར་གྱི་མདོག་ཅན་སྐྱོན་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​གསེར་གྱི་མདོག་ཅན་བལྟར་རུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​གསེར་གྱི་མདོག་ཅན་དྲི་མ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​གསེར་གྱི་མདོག་ཅན་འོད་རྒྱ་ཆེ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་གསེར་གྱི་མདོག་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་སྐུ་རོ་སྟོད་སེང་གེ་འདྲ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐུ་རིམ་པར་འཚམ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​སྐུ་རོ་སྟོད་ལེགས་པར་འབྲེལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​སྐུ་རོ་སྟོད་མཁྲེགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​སྐུ་རོ་སྟོད་བལྟ་ན་བཟང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​སྐུ་རོ་སྟོད་ཤིན་ཏུ་ཡངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​སྐུ་རོ་སྟོད་སེང་གེའི་ལྟ་བུ་མི་ཤིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྐུ་རོ་སྟོད་སེང་གེ་འདྲ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་བདུན་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདུན་མཐོ་བ་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​མཐོ་བ་བཀྲ་ཤིས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​མཐོང་ན་ཡིད་དགའ་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​མཐོ་བ་སྙོམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​མཐོ་ཞིང་མ་ཞུམ་ལ་མཛེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​འཇམ་ཞིང་སྣུམ་ལ་དང་ཞིང་གསལ་ལ་མཐོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་བདུན་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13975#UT22084-045-001-13975