Degé Kangyur volume 27, F.36.a

ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པའི་བར་དང་ཡང་ལྡན་པར་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཅོ་ལྔ་པའོ།​། །​།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་བ་འདི་ཕབ་སྟེ་བསྟན་ན། དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མང་པོ་མངོན་པར་སྤྲུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །​མངོན་པར་གཏོར་བར་བྱའོ། །​རབ་ཏུ་གཏོར་བར་བྱའོ་སྙམ་མོ། །​དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། འོག་མིན་གྱི་བར་གྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་ལྟར་གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཆར་པ་འདི་ཕབ་སྟེ་བསྟན་ན། དེ་ལ་བདག་ཅག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མང་པོ་མངོན་པར་སྤྲུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །​མངོན་པར་གཏོར་བར་བྱའོ། །​རབ་ཏུ་གཏོར་བར་བྱའོ་སྙམ་མོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། འོག་མིན་གྱི་བར་གྱི་ལྷ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། ལྷ་རྫས་ཀྱི་མེ་ཏོག་མན་དཱ་ར་བ་མང་པོ་མངོན་པར་སྤྲུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7447#UT22084-026-001-7447