Degé Kangyur volume 27, F.35.b

ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་རྣམ་པ་དེ་ལྟ་བུར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན། ཅིའི་ཕྱིར་ན་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཡོངས་སུ་གཟུང་བ་བསྟན། ཅིའི་ཕྱིར་ན་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་བསྟན་ཏོ། །​མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7446#UT22084-026-001-7446