Degé Kangyur volume 26, F.340.b

ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །​ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །​བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །​གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་མངོན་པར་འདུ་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །​གང་མངོན་པར་འདུ་མ་བྱས་པ་དེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མ་ཡིན་ནོ། །​གང་མངོན་པར་འདུ་མ་བྱས་པ་དེ་མིག་མ་ཡིན་ནོ། །གང་མངོན་པར་འདུ་མ་བྱས་པ་དེ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་མ་ཡིན་ནོ། །​གང་མངོན་པར་འདུ་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །​གང་མངོན་པར་འདུ་མ་བྱས་པ་དེ་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་མ་ཡིན་ནོ། །​གང་མངོན་པར་འདུ་མ་བྱས་པ་དེ་མིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7294#UT22084-026-001-7294