Degé Kangyur volume 26, F.176.a

པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱང་ཅུང་ཟད་ཀྱང་མེད། ཁྱོད་ནི་ཕྱིར་མི་ལྡོག་པ་ཡང་མ་ཡིན་ཁྱོད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ། །​ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་མིག་གི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་གམ་བདག་གིས་སྟོང་ངོ་། །​གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །​སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ནི་བདག་གམ་བདག་གིས་སྟོང་ངོ་། །​མིག་གི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​མིག་གི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6965#UT22084-026-001-6965