Degé Kangyur volume 26, F.175.b

འདི་ནི་བསླབ་པར་བྱ་བའི་མི་ཆའོ། །​མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ། འདི་དག་ནི་མཉན་པར་མི་བྱའོ། །​གཟུང་བར་མི་བྱའོ། །​བཅང་བར་མི་བྱའོ། །​ཀླག་པར་མི་བྱའོ། །​ཀུན་ཆུབ་པར་མི་བྱའོ། །​ཚུལ་བཞིན་དུ་ཡིད་ལ་མི་བྱའོ། །​འདི་དག་ནི་གཞན་ལ་བསྟན་པར་མི་བྱའོ། །​ཞེས་ཟེར་བ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི། འདི་ལྟར་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། ཕ་རོལ་དུ་ཕྱིན་པ་དྲུག་ལས་ཟློག་ཅིང་། མོས་པ་མེད་པར་བྱེད་དེ་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བཟོད་པའི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་འོང་ངོ་། །​ཞེས་བདུད་ཀྱི་ལས་མི་སྟོན་བདུད་ཀྱི་ཉེས་པ་མི་སྟོན་པ་འདི་དག་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། ཉན་ཐོས་དང་ལྡན་པའི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླིང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་དུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པར་བསྟན་པ་དག་སྟོན་ཏོ། །​འགྲེལ་ཏོ། །​རྣམ་པར་འབྱེད་དོ། །​ཡོངས་སུ་སྟོན་ཏོ། །​ཞེས་བདུད་ཀྱི་ལས་རྣམ་པ་འདི་ལྟ་བུ་དག་མི་སྨྲ་མི་སྟོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6964#UT22084-026-001-6964