Degé Kangyur volume 26, F.130.b

བ་དང་འགྲིབ་པ་མི་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་གང་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང་། ཆོས་སུ་གདགས་པ་དེ་ཡང་ཕུང་པོ་འམ། ཁམས་སམ། སྐྱེ་མཆེད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་གང་དུ་ཡང་བརྗོད་དུ་མ་མཆིས་ཏེ། ཆོས་སུ་གདགས་པ་ཙམ་དུ་བས་སོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​ས་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​ཆུ་དང་། མེ་དང་། རླུང་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །​སྦྱིན་པའི་ཕ་རོལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6874#UT22084-026-001-6874