Degé Kangyur volume 26, F.130.a

བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​བཅོམ་ལྡན་འདས་བདག་གིས་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​བཅོམ་ལྡན་འདས་དེ་ལྟར་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་ཞིག་བཏགས་པར་བསྟན་པར་བགྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཚན་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས། དགེ་འདུན་གྱི་མིང་དེ་དང་། བྱང་ཆུབ་སེམས་དཔའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6873#UT22084-026-001-6873