Degé Kangyur volume 28, F.357.b

སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ཡང་། འཁོར་དང་བཅས་པར་ལྷན་ཅིག་རྩེ་ཞིང་དགའ་བ་ཡོངས་སུ་སྤྱད་ནས། དེའི་འོག་ཏུ་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་དོ། །​གྲོང་ཁྱེར་སྤོས་ཅན་དེ་ན་འཁོད་པའི་སེམས་ཅན་གང་ཡིན་པ་དེ་དག་ཀྱང་གྲོང་ཁྱེར་གྱི་ལམ་མདོའི་དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་ཆོས་ཀྱི་ཁྲི་འཛུགས་ཏེ། རྐང་པ་གསེར་ལས་བྱས་པ་འམ། དངུལ་ལས་བྱས་པ་འམ། བཻ་ཌཱུརྱ་ལས་བྱས་པ་འམ། ཤེལ་ལས་བྱས་པའི་སྟེང་། ཤིང་བལ་གྱི་སྟན་ནམ། འགོ་ལི་ཀའི་སྟན་ནམ། ཁོང་ཚང་ཅན་གྱི་སྟན་ནམ། ཀ་ཤི་ཀའི་གོས་བཏིང་བ། འཕང་དུ་རྒྱང་གྲགས་ཕྱེད་ཙམ་ཡོད་པ། སྟེང་གི་བར་སྣང་ལས་ཀྱང་མུ་ཏིག་གིས་བརྒྱན་པའི་བླ་རེ་བྲེས་པས། ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་ཡང་། མེ་ཏོག་ཁ་དོག་རྣམ་པ་ལྔས་འཐོར། མངོན་པར་འཐོར། རབ་ཏུ་མངོན་པར་འཐོར་རོ། །​བདུག་སྤོས་བསུང་ཞིམ་པོ་སྣ་ཚོགས་ཀྱིས་ཀྱང་ས་ཕྱོགས་དེ་བདུག་པར་བྱེད་དོ། །​དེ་འདི་ལྟར་ཆོས་ལ་གུས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ལ་འདུག་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཆད་པ་ལ། བསུང་ཅན་ན་འཁོད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་དེ་ལྟ་བུའི་ཆོས་ལ་གུས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉན་པ་ནི་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། །​སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་རྣམས་ལྷགས་པར་གྱུར་ཏེ། མི་དང་ལྷ་རྣམས་གང་ཉན་པ་དེ་དག་ལས་ཁ་ཅིག་ནི་ཀློག་སློབ། ཁ་ཅིག་ནི་ཁ་ཏོན་སློབ། ཁ་ཅིག་ནི་ཡོངས་སུ་ཆུད་པར་བྱེད། ཁ་ཅིག་ནི་འཛིན། ཁ་ཅིག་ནི་འཆང་། ཁ་ཅིག་ནི་ཟློས། ཁ་ཅིག་ནི་འདྲི། ཁ་ཅིག་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་རྗེས་སུ་འགྲོའོ། །​སེམས་ཅན་དེ་དག་ཐམས་ཅད་ཀྱང་ལྟུང་བའི་ཆོས་ཅན་མ་ཡིན་ལ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8873#UT22084-026-001-8873