Degé Kangyur volume 28, F.279.a

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་རམ། གང་བྱང་ཆུབ་ཏུ་སྤྱོད་པའི་ཆོས་དེ་ལྟ་བུ་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ། བཏགས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཏུ་སྤྱོད་ཀྱང་སེམས་དེ་དག་མི་དམིགས་ཏེ། སེམས་ཅན་རྣམས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་མི་དམིགས་སོ། །​རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་གི་ཚེ་རབ་འབྱོར་ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་པར་གྱུར་པ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་ཏམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ། རྨི་ལམ་འམ་སེམས་སམ་ལམ་འམ་འབྲས་བུ་དམིགས་པར་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ཇི་ལྟར་ཁྱོད་རབ་འབྱོར་གྱིས་དགྲ་བཅོམ་པ་ཐོབ་པོ་ཞེས་བྱ་བར་བཀའ་སྩལ་ཏེ། ལུང་བསྟན་པར་གྱུར་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ། བཀས་ལུང་བསྟན་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །​གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་ཏུ་བཏགས་པའོ། །​སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་འཇིག་རྟེན་གྱི་ཐ་སྙད་ཏུ་བཏགས་པའོ། །​ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་འཇིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8716#UT22084-026-001-8716