Degé Kangyur volume 28, F.278.b

ཉིད་དང་། རྟག་ཏུ་བཏང་སྙོམས་སུ་རྣམ་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རོ། །​རབ་འབྱོར་དེ་ཡང་གཟུགས་ཀྱི་རང་བཞིན་ལ་གནས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རང་བཞིན་ལ་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རང་བཞིན་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །​རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། ཆོས་གང་ཡང་འཕེལ་བར་བྱེད་པ་འམ། འབྲི་བར་བྱེད་པ་འམ། སྐྱེ་བ་འམ། འགག་པ་འམ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ་ཐོབ་པ་འམ། མངོན་པར་རྟོགས་པར་བྱེད་པ་མེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའི། དོན་དམ་པར་ནི་གཟུགས་སམ་ཚོར་བ་འམ་འདུ་ཤེས་སམ་འདུ་བྱེད་དམ་རྣམ་པར་ཤེས་པ་འམ། སྐྱེ་མཆེད་དམ་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། བླ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8715#UT22084-026-001-8715