Degé Kangyur volume 28, F.35.a

ཟབ་མོ་འདི་ཐོས་པས་ཅི་ཞིག་བྱ། བསྒོམས་པ་དང་གཟུང་བ་དང་། བཅངས་པ་དང་། ཀུན་ཆུབ་པར་བྱས་པས་ཀྱང་ཅི་ཞིག་བྱ། ངས་ཀྱང་དེའི་གཏིང་མ་རྙེད་ན་ཁྱོད་ཀྱིས་ལྟ་རྙེད་རེ་སྐན་ཞེས་ཟེར་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །​དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བྱང་ཆུབ་སེམས་དཔའ་བརྙས་པ་སྐྱེད་ཅིང་། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​ང་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །​ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །​ཁྱོད་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་རློམ་སེམས་སུ་བྱེད་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །​དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ཉིད་མཆོག་ཏུ་རློམ་སེམས་བསྐྱེད་ན། དགའ་བོ་དེའི་ཚེ། བདུད་སྡིག་ཏོ་ཅན་དགའ་བ་དང་། སྤྲོ་བ་དང་། ཉམས་བདེ་བ་དང་། རབ་ཏུ་དགའ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །​དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའི་མྱིང་བརྗོད་པ་འམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན། དེ་མིང་བརྗོད་པ་འམ། རུས་བརྗོད་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དགེ་བའི་ཆོས་ཅན་དག་ཁྱད་དུ་གསོད་ཅིང་། བདག་བསྟོད། གཞན་སྨོད་ལ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། ཚུལ་དང་མཚན་མར་བྱ་བའི་ཡོན་ཏན་དེ་དག་ཀྱང་དེ་ལ་མྱེད་པར། རྣམ་པ་དང་ཚུལ་དང་། མཚན་མ་མྱེད་པར་དེ་དག་གིས་ཉོན་མོངས་པ་སྐྱེད་ཅིང་། བདག་བསྟོད། གཞན་སྨོད་དེ། འདི་སྐད་དུ་ཇི་ལྟར་ང་བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱང་ཆུབ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8228#UT22084-026-001-8228