Degé Kangyur volume 27, F.316.b

ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་རྟག་པ་ཉིད་ཀྱང་ཤིན་དུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་སྡུག་པ་ཉིད་ཀྱང་། ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདོད་ཆགས་ཀྱི་དངོས་པོ་ཉིད་ཀྱང་ཤིན་དུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཞེ་སྡང་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེ་སྡང་གི་དངོས་པོ་ཉིད་ཀྱང་ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གཏི་མུག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཏི་མུག་གི་དངོས་པོ་ཉིད་ཀྱང་ཤིན་དུ་མེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ལྟ་བའི་རྣམ་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། ལྟ་བའི་རྣམ་པའི་དངོས་པོ་ཉིད་ཀྱང་ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་། ཡང་དག་པར་མཐའ་དང་། མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་མི་གཡོ་བའི་ངང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8007#UT22084-026-001-8007