Degé Kangyur volume 27, F.316.a

ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། འོང་བ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། བླང་བ་དང་དོར་བ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་ཕྲད་པ་མེད་པ་དང་། འབྲལ་པ་མེད་པ་དང་། འདྲེ་བ་མེད་པ་དང་། མི་འདྲེ་བ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། ཕྲད་པ་མེད་པ་དང་། འབྲལ་བ་མེད་པ་དང་། འདྲེ་བ་མེད་པ་དང་། མི་འདྲེ་བ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ཉིད་ཀྱང་ཤིན་ཏུ་མེད་ན་དེ་ལ་འགྲོ་བའམ། འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཡོངས་སུ་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐོང་བ་པོ་ཉིད་ཀྱང་ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་རྟག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟག་པ་ཉིད་ཀྱང་ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བདེ་བ་དང་། བདག་དང་སྡུག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། སྡུག་པ་ཉིད་ཀྱང་ཤིན་དུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པའི་ངང་ཚུལ་ཅན་ཏེ། དེ་དག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8006#UT22084-026-001-8006