Degé Kangyur volume 27, F.307.b

དེད་དཔོན་དང་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་ལམ་དུ་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཅི་གཏོང་བ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་རོ། །​ཚུལ་ཁྲིམས་ཅི་སྲུང་བ་དང་། བཟོད་པ་ཅི་སྒོམ་པ་དང་། བརྩོན་འགྲུས་ཅི་རྩོམ་པ་དང་། གང་བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་ཅི་སྒོམ་པ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་དགྲོལ་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འགྲོ་བའི་རྒྱུན་ལྔ་ནས་ཡོངས་སུ་བཏོན་ཅིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7989#UT22084-026-001-7989