Degé Kangyur volume 27, F.307.a

རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་ནི་དཀའ་བ་བགྱིད་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། རབ་འབྱོར་དེ་ལྟར་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདོད་པ་ནི་དཀའ་བ་བྱེད་པའོ། །​རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་གྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་མགོན་དུ་འགྱུར་བར་བྱའོ། །​ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་སྐྱབས་སུ་འགྱུར་བར་བྱའོ། །​ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ། །​ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། འཇིག་རྟེན་གྱི་གླིང་དུ་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་སྣང་བར་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །​འཇིག་རྟེན་གྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7988#UT22084-026-001-7988