Degé Kangyur volume 27, F.243.b

པ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་བཅུ་ཀུན་གྱི་བར་གྱི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཚད་དང་གྲངས་མ་མཆིས་པ་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་གིས་མཁྱེན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །​ཐུགས་སུ་ཆུད་དོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་བཅུ་ཀུན་གྱི་བར་གྱི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མེད་པ་ན། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གིས་མཁྱེན་ཏེ། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཐུགས་སུ་ཆུད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་གསུམ་པ། ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དང་། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་གིས་ཀྱང་འདི་ལྟར་བདག་ཅག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་ཞེས་བྱ་བར་རིག་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7861#UT22084-026-001-7861