Degé Kangyur volume 27, F.243.a

རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་ལ་དགོངས་པ་མཛད་པ་དང་། ཀློག་ཅིང་སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་ལ་དགོངས་པ་མཛད་པ་ནི་ཆོས་ཉིད་ཀྱིས་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེས་ཀྱང་བདག་ནི་སངས་རྒྱས་ཀྱི་མཐུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །​ཀློག་གོ། །​སྟོན་ཏོ། ཁ་ཏོན་དུ་བྱེད་དོ། །​ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །​སྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །​གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ཀློག་པ་དང་སྟོན་པ་དང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། སྒོམ་མོ་འཚལ་ཀུན་ཀྱང་སངས་རྒྱས་ཀྱི་མཐུ་ལགས་སམ། ཀུན་ཀྱང་སངས་རྒྱས་ཀྱི་གཟུངས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སུའང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱའོ། །​དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་གཟུངས་ཡིན་པར་རིག་པར་བྱའོ། །​གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7860#UT22084-026-001-7860