Degé Kangyur volume 27, F.235.b

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཐབས་མཁས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་ཀྱང་བདག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད་དོ། །​གཞན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་འགོད་ཀྱང་། བདག་རང་བྱང་ཆུབ་མངོན་དུ་མི་བྱེད་དོ། །​བདག་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ལ། བྱང་ཆུབ་སེམས་དཔའ་གཞན་སྟོང་ཕྲག་དུ་མ་དག་ཀྱང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ལ། བྱང་ཆུབ་སེམས་དཔའ་གཞན་སྟོང་ཕྲག་དུ་མ་དག་ཀྱང་། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཡོངས་སུ་གནོན་ལ། གཞན་ཡང་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་འགོད་དོ། །བདག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ལ། གཞན་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ལ། གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྐྱེད་ལ། གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་གཟུངས་ཀྱི་སྒོ་ཡོངས་སུ་སྦྱོང་ལ། གཞན་ཡང་གཟུངས་ཀྱི་སྒོ་ཡོངས་སུ་སྦྱོང་བ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་སྤོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་ལ། གཞན་ཡང་སྤོབས་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ། གཞན་ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7845#UT22084-026-001-7845