Degé Kangyur volume 27, F.235.a

འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་ལེགས་པར་ཡོངས་སུ་གཟུང་བ་ནི་ངོ་མཚར་ཆེའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིའི་ཚོགས་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་བརྒྱ་སྟོང་མང་པོ་ལ་ཕན་འདོགས་ཏེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་དུ་སྤྱོད་པ་དང་། དོན་འཐུན་པར་སྤྱོད་པ་སྟེ། དེ་དག་གིས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ལ་གཞན་ཡང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ལ། གཞན་ཡང་སྦྱིན་པ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་ཚུལ་ཁྲིམས་སྲུང་ལ། གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་བཟོད་པ་བསྒོམ་ལ། གཞན་ཡང་བཟོད་པ་བསྒོམ་ལ། གཞན་ཡང་བཟོད་པ་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་བརྩོན་འགྲུས་རྩོམ་ལ། གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་བསམ་གཏན་ལ་སྙོམས་པར་འཇུག་ལ། གཞན་ཡང་བསམ་གཏན་ལ་ཡང་དག་པར་བསྐུལ་ལོ། །​བདག་ཀྱང་ཤེས་རབ་སྒོམ་ལ། གཞན་ཡང་ཤེས་རབ་སྒོམ་པ་ལ་ཡང་དག་པར་བསྐུལ་ལོ། །​དེ་དག་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7844#UT22084-026-001-7844