Degé Kangyur volume 27, F.234.a

ཚུལ་བཞིན་དུ་ཡིད་ལ་བྱར་ཡོད་དོ་ཞེས་བགྱི་བར་རིག་པར་བགྱིའོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དཔྱིད་ཀྱི་དུས་ལ་བབ་སྟེ། རྩི་ཤིང་གི་ལོ་མ་དང་འདབ་མ་ལྷགས་ནས་ཁ་དོག་གྱུར་པའི་ཚེ། འཛམ་བུའི་གླིང་གི་མི་རྣམས་ཀྱིས། རིང་པོ་མི་ཐོགས་པར་ལོ་མ་དང་མེ་ཏོག་དང་འབྲས་བུ་འབྱུང་བར་འགྱུར་རོ། །​དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་སྔ་ལྟས་འདི་དག་རྩི་ཤིང་ལས་སྣང་ངོ་ཞེས་བགྱི་བར་འཚལ་བར་བགྱི་སྟེ། གང་གི་ཚེ་རྩི་ཤིང་རྣམས་ལོ་མ་དང་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་དེའི་ཚེ་ཡང་བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་། བུ་མོ་དག་གིས་རྩི་ཤིང་གི་ལོ་མ་དང་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པ་དེ་དག་མཐོང་ནས། ཉམས་བདེ་བར་འགྱུར་རོ། །​བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བ་དང་། མཉན་དུ་མཆིས་ཏེ། ཐོས་ནས་ཀྱང་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེའི་ཚེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་རིག་པར་བགྱིའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པར་རིག་པར་བགྱིའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཀྱང་འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། མཉན་དུ་ཡོད་པ་དང་། ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་བྱར་ཡོད་པ་ནི། སྔོན་གྱི་དགེ་བའི་རྩ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་ཞེས་བགྱི་བར་འཚལ་བར་བགྱིའོ། །​དེ་ན་ལྷའི་བུ་སྔོན་སངས་རྒྱས་མཐོང་བ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7842#UT22084-026-001-7842